查看原文
其他

བརྩེ་དུང་གི་གློ་ལོག་པ།

👉 爱情孤岛 2020-02-27

      

བརྩེ་དུང་གི་གློ་ལོག་པ།

རྩོམ་པ་པོ། ཐོག་ལྕེ།

    འདི་ནས་ཡར་བརྩིས་པའི་མི་ལོ་བརྒྱད་དགུ་ཙམ་གྱི་གོང་རོལ་དུ། སྲིད་པའི་གྲོང་ཚོར་བྱིང་བའི་ངའི་རྣམ་ཤེས་ཀྱི་འོ་ཟི་ཕྲ་མོ་ལ་འཇིག་རྟེན་པའི་ཐ་སྙད་མང་དག་ཅིག་གི་ལོ་འདབ་ཐོགས་ཏེ་གསང་ལམ་ལྐོག་གྱུར་གྱི་གཞལ་བྱ་གཞན་ཞིག་ལ་བགྲོད་པའི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་བསྒྲིབས་ཏེ་མི་མངོན་པར་ཐལ་ལ། ནམ་ཞར་ཚོར་ཤེས་ཀྱི་རྟ་ཕོ་སྨྱོན་པ་འདི་དབང་བཙན་པའི་ལམ་དུ་སོང་བས་འདི་སྣང་ཞེན་ཆགས་ཀྱི་སེམས་འགྱུ་ཤིན་ཏུ་སྟོབས་ཆེ་བར་གྱུར་ཙ་ན། ངའི་ཚོར་ཤེས་ཀྱི་ཀློང་རིམ་དུ་རྟག་པར་བརྩེ་དུང་ལ་བཟུང་བའི་སྒེར་ཚུགས་ཀྱི་ལྟ་ཚུལ་དྲང་བཞག་ཅིག་དང་རྣམ་དག་ཅིག་ཆགས་ཨེ་ཐུབ་ལ་སྨོན་སེམས་ཁྲི་མ་འབུམ་ཤོར་མྱོང་བ་དང་། འཆར་ཡན་གྱི་གཤོག་པ་ནམ་མཁའི་མཐོངས་སུ་བརྐྱངས་ཚད་གྲངས་མེད་ཅིག་གི་གཟུགས་རིས་ཕབ་ན་མི་ཤོང་བ་ཙམ་ཡོད་དུ་ངེས་ལ། ལྷག་ཏུ་བརྩེ་དུང་ལ་བཟུང་བའི་སྒེར་ཚུགས་ཀྱི་ཕོ་བྲང་འདིར་གློ་བ་ཉེ་བའི་ཡིད་འོང་གི་དགའ་མ་སུ་ཞིག་གམ་དུ་བསླེབ་ཐུབ་པར་རེ་སྨོན་ཁྲི་མ་འབུམ་བཅིངས་མྱོང་བ་བཤད་ཅི་དགོས། ད་ནི་འདི་ལྟར་ཕྱིར་མིག་ཅིག་བལྟས་ཡོང་ན། དངོས་གནས་ངས་བརྩེ་དུང་ལ་བཟུང་བའི་སྒེར་ཚུགས་ཀྱི་ལྟ་ཚུལ་དྲང་བཞག་ཅིག་ལ་སྨོན་པ་ཁྲི་མ་འབུམ་བཅིངས་ནས་མི་ལོ་བརྒྱད་དགུ་ཙམ་ལོན་འདུག

   ངའི་བརྩེ་དུང་གི་མངའ་ཐང་དུ་གློ་བ་ཉེ་བའི་ཡིད་འོང་གི་དགའ་མ་ཞིག་གམ་དུ་སླེབས་པའི་ཚོར་སྣང་མངོན་ལ་མི་མངོན་པ་དེས་དགའ་སྡུག་བར་མ་ཀུན་གྱི་ཉིན་མཚན་གྲངས་མེད་ཅིག་ཕར་བསྐྱལ་མྱོང་ཡོད་རེད། ཁྱོད་ཉིད་འདི་ལྟར་ངའི་བརྩེ་དུང་གི་མངའ་ཐང་ནས་ལན་རེར་མི་མངོན་པའི་ཚུལ་གྱིས་ཡིབ་འགྲོ་བས་རི་གསུམ་རྩེ་དང་ལུང་གསུམ་མདོར་ཕུད་ཀྱང་རྙེད་དཀའ་ལ། ལན་རེར་ཆུ་མིག་བཞིན་བརྡོལ་ཡོང་བས་ཕྱོགས་གང་ནས་སེམས་ཤུགས་རི་རབ་མནན་ཡང་འགོག་མི་ཐུབ་པར་ཆགས། ཁྱོད་ཀྱིས་རང་ཉིད་ཡོང་ཡུལ་དེ་ངའི་བརྩེ་དུང་གི་མངའ་རིས་ཡིན་པ་ལོས་ཤེས། ཤིན་ཏུ་གསལ་བོ་ཡིན་ངེས། ངའི་མངའ་རིས་སུ་གཏོགས་པའི་བརྩེ་དུང་གི་ཕོ་བྲང་འདི་ནས་གློ་བ་ཉེ་བའི་ཡིད་འོང་གི་དགའ་མ་དེ་ཉིད་ཡིན་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་དེའི་ཐོག་མའི་སྐྱེད་གཞི་ཁྱོད་ཉིད་ཆགས་ལ། ཡུལ་འདི་ནས་ངས་བརྩེ་དུང་ལ་བཟུང་བའི་རྨི་ལམ་ཕྱེད་ཀ་གྲུབ་ལ་ཁད་དུ་གྱུར་བ་དང་། དྲན་པའི་དཀྱིལ་འཁོར་དུ་བརྩེ་དུང་གི་ཕྱག་རྒྱ་ ཐོག་མར་དཔར་ཡུལ་ཡང་གྱུར་འདུག ལོ་ངོ་གཉིས་ཀྱི་ཡར་སྔོན་ཏག་ཏག་ལ་ཁྱོད་ཀྱིས་གློ་བུར་དུ་ངའི་བརྩེ་དུང་གི་མངའ་ཐང་བསྐྱུར་ཏེ་མངའ་རིས་གཞན་ཞིག་ལ་བཞུད་ཚུལ་ནི། ང་ལ་མཚོན་ན་སྲིད་བློན་ཞིག་གིས་རང་གི་བཙན་པོར་གློ་ལོག་ཚུལ་དང་ཇི་འདྲའི་མཚུངས་ཨང་། རྣམ་དག་དང་དྲང་བཞག་གི་མདུང་དང་ཕུབ་བཟུང་ནས་སྲུང་བའི་ངའི་བརྩེ་དུང་གི་མངའ་ཐང་འདི་ནས་ཕྱིར་བུད་ཚུལ་ནི་དོན་གྱིས་ང་ལ་གློ་ལོག་པ་དང་རྒྱབ་བཏད་དེ་སོང་བ་ཞིག་ཅིས་མ་ཡིན། ཡང་ངའི་བརྩེ་དུང་གི་མངའ་ཐང་བསྐྱུར་ནས་བཞུད་པའི་ཁྱོད་སྐབས་ཅིག་ལ་ཚོད་ཚོད་མེད་པར་ཕྱིར་ལོག་ཚུལ་འདིས་ང་ཁྱོད་ལ་ལྡན་པའི་སྔར་ཡོད་ཀྱི་སྤྲོ་བ་ཉམ་ང་བར་བྱས་མོད། ཁྱོད་ཉིད་ངའི་བརྩེ་དུང་གི་མངའ་ཐང་དུ་སླར་ཡོང་ཆོག་གི་བཀའ་འཁྲོལ་ཐེངས་གཅིག་བྱིན་པ་ང་ཁྱོད་ཀྱི་བརྩེ་དུང་ལ་གློ་དཀར་བའི་མངོན་རྟགས་འཁྲུལ་མེད་ཅིག་ཡིན་པ་མི་བརྗེད་པར་གྱིས་ཤིག ངའི་མངའ་རིས་སུ་ཤོང་བ་ནི་ཁྱོད་དང་འུ་གཉིས་ཡིན་ལ། ངའི་བརྩེ་དུང་གི་མངའ་དབང་གསོ་བའི་དྲོད་ཀྱི་གཞི་མ་དང་བསིལ་བའི་ཡང་སྙིང་དུ་རེ་ལྟོས་འཆའ་ས་ཡང་ཁྱོད་ཁོ་ནའི་བརྩེ་བ་ཡིན། ཡིན་ཡང་ཁྱོད་ཉིད་ངའི་མངའ་རིས་སུ་ལོག་ཙ་ན། ཁྱོད་ཀྱི་རྒྱབ་ཏུ་དཔུང་ཚོགས་སྟོང་གི་འཇིགས་པ་ཞིག་འདྲུད་ཡོང་བའི་སྣང་ཚོད་ཅིག་སྟེར་ཡོང་ལ། ངའི་བརྩེ་དུང་གི་མངའ་ཐང་དུ་འཚོ་བའི་ཚོར་ཤེས་ཀྱི་ལུག་ཁྱུ་སྐོར་ཞིག་གློ་བུར་དུ་ཞོགས་འགྲོ་ལ། དབང་ཤེས་ཚོགས་དྲུག་གི་གར་རླབས་དྲག་ཏུ་ལྡིང་ཞིང་འཚུབ་ཡོང་བའི་ཉམས་སྣང་སློང་སྲིད་པས། ཁྱོད་ཀྱི་རྒྱབ་ཏུ་དྲུང་ཡོང་བའི་མཇུག་མ་གནག་ཅིང་རིང་བ་དེས་ང་ལ་བག་ལྷོད་པའི་སེམས་ཀྱི་ཞི་བ་ཞིག་ཁྱོན་ནས་མི་སྟེར་བས། ནམ་ཞིག་ལ་ངའི་བདེན་ཚིག་གི་མཐུ་ནུས་ཀྱིས་བརྡར་བའི་རལ་གྲིའི་སོ་ཁས་དུམ་བུར་གཅོད་ངེས་ལ། ཁྱོད་ཡང་ངའི་མངའ་རིས་སུ་མི་ཤོང་བར་ལེ་བར་ཁྲི་ཡི་བར་གྱིས་ཆོད་པའི་ཡུལ་ཁམས་གཞན་ཞིག་ལ་རྒྱང་འཕེན་དུ་སྤྱུགས་འགྲོ། ངའི་བརྩེ་དུང་གི་མངའ་ཐང་ནི་རྩ་དོན་མེད་པའི་ལུགས་མེད་ཅིག་ཏུ་ག་ལ་སྲིད་པ་ཁྱོད་ཀྱིས་མི་རྟོགས་པ་མིན། གཞན་གྱི་བརྩེ་དུང་གི་མངའ་ཐང་རླངས་འཁོར་གྱི་འབབ་ཚུགས་ལྟར་བརྗེ་སྤོར་གྱི་འདུ་ཤེས་ཙམ་ལས་མེད་པའི་མི་དག་ལ་ཧ་ཅང་སུན་སྣང་དང་ཞེ་ཡིད་རྩ་ནས་ཆད་སྣང་འབྱུང་། འདི་ནི་ངས་བརྩེ་དུང་ལ་བཟུང་བའི་སྒེར་ཚུགས་ཀྱི་ལངས་ཕྱོགས་ཉིད་དུ་ངེས་པས་ཡིན། བརྩེ་དུང་གི་མངའ་ཐང་ཅིག་ནས་གློ་ལོག་སྟེ་མངའ་ཐང་གཞན་ཞིག་ལ་མགོ་འབུལ་ལུས་འབུལ་བྱས་པའི་མཚམས་ཞིག་ནས་སླར་ཡང་དེ་ག་ནས་གློ་ལོག་པའི་མི་དེའི་རིགས་ལ་ངས་སྔ་ས་ནས་འགོག་སྲུང་གི་ལྕགས་རིའི་མུ་ཁྱུད་ཅིག་འཐེན་ཡོད། ངས་བསམ་བཞིན་བསམ་བཞིན་ཁྱོད་ཡང་དེའི་ཕྱོགས་སུ་འགྲོ་བའི་ཚད་ཇེ་ཉེར་ཡིན་འདུག་ལ། ཇི་ལྟར་ཉེ་རུ་སོང་ན་ང་དང་རྒྱང་ཆད་དུ་འགྲོ་བའི་ཚད་དེ་ལྟར་ཆེ་མོད། ང་ལ་བློ་འགྱོད་གཏན་ནས་མེད། ལར་བརྩེ་དུང་གི་མངའ་རིས་མང་དག་ཅིག་ལ་གློ་ལོག་པའི་བརྩེ་དུང་ནི་གཞན་ལག་མང་པོ་བརྒྱུད་མྱོང་བའི་ཤོག་དངུལ་དང་འདྲ་བར་རེག་དུག་གི་ཁྱབ་འགྱེད་ཤུགས་ཆེ་བས་ཉེན་ཁ་ཅན་གྱི་རིགས་སུ་འདུ་ཆོག་ལ། བློ་ཕམ་ཅན་གྱི་བརྩེ་དུང་གི་གློ་ལོག་པ་ལ་གྱེས་བརྡ་གཏོང་བར་བློ་འགྱོད་གཏན་ནས་ཡོད་མི་འོས། གཏན་ནས་ཡོད་མི་འོས་སོ། །

2017/6/7ཉིན་ལ་གཙོད་གྲོང་ནས་བྲིས།

2018/4/17ཉིན་ལ་ཡུལ་དབུས་ལྷ་ས་ནས་བཅོས།

•གསལ་བཤད། རྩོམ་འདི་གུས་པས་༢༠༡༧ལོར་སློབ་ཆེན་མཐར་ཕྱིན་ལ་ཉེ་སྐབས་བྲིས་པ་ཡིན་མོད། རྩོམ་འདི་འབྲི་ཡུལ་གྱི་ཁོ་མོར་རྐྱེན་ཞིག་གིས་སེམས་པ་སྡུག་ལ་སྦྱར་ཡོད་པས། ངས་སྐབས་དུས་ཚོད་ཅིག་ལ་རྩོམ་འདི་འདྲ་ཞིག་སྤེལ་ནས་ཁོ་མོར་སེམས་ཁྲལ་ལྷག་མ་ཞིག་སྟེར་མ་འདོད་པས་ད་སྔ་རག་ཏུ་འཇམ་ཅག་གེར་བསྐྱུར་བཞག་པ་ཡིན། 

ཐོག་ལྕེ། TogJe👈འབྲེལ་ལམ།
གནོན།
√<འོག་གི་མཐེ་མོ་👍>་འདི་གནོན་རོགས་ཞུ།

 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存